༧པཎ་ཆེན་རིན་པོ་ཆེ་གློད་བཀྲོལ་དགོས་ཞེས་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་དགོས་འདུན་བཏོན་པ།

༧གོང་ས་མཆོག་གིས་དབུས་བོད་ཀྱི་བླ་སྤྲུལ་གྱི་ཡང་སྲིད་གནད་དོན་ཐད་དམར་ཤོག་གཞུང་གིས་ཐེ་བྱུས་མེད་པ་བྱ་དགོས་ཞེས་གསུངས་འདུག

ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་༧ཀུན་གཟིཊ་པཎ་ཆེན་རིན་པོ་ཆེ་གློད་བཀྲོལ་དགོས་པ་དང་། ༧གོང་ས་མཆོག་གིས་དབུས་བོད་ཀྱི་བླ་སྤྲུལ་གྱི་ཡང་སྲིད་གནད་དོན་ཐད་དམར་ཤོག་གཞུང་གིས་ཐེ་བྱུས་མེད་པ་བྱ་དགོས་ཞེས་གསུངས་འདུག

དེ་ཡང་ཕྱི་ཟླ་ ༥ ཚེས་ ༡༨ ཉིན་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ Thomas Pigott ལགས་ཀྱིས་ཡོངས་ཁྱབ་གསལ་བསྒྲགས་སྤེལ་བའི་ནང་། རྒྱ་ནག་གི་དབང་འཛིན་པས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དང་ཁོང་གི་ནང་མི་རྣམས་འཕྲལ་དུ་གློད་བཀྲོལ་ཐོངས་དགོས་པ་དང་། ཆོས་དད་ཀྱི་དབང་གིས་བོད་པ་དང་ཡང་ན་རྒྱ་ནག་ནང་དུ་མི་གཞན་ལ་གཉའ་གནོན་བྱེད་པ་མཚམས་འཇོག་བྱེད་དགོས་ཞེས་གསུངས་འདུག་ལ། བོད་བརྒྱུད་ནང་བསྟན་གྱི་རྗེས་འཇུག་པ་ཚོར་ཡང་། ཆོས་ལུགས་ཀྱི་ཚོགས་སྡེ་གཞན་ཚང་མ་དང་གཅིག་མཚུངས། ༧གོང་ས་ཏཱ་ལའི་བླ་མ་མཆོག་དང་༧པཎ་ཆེན་རིན་པོ་ཆེ་ལྟ་བུའི་རང་གི་ཆོས་ཕྱོགས་ཀྱི་དབུ་ཁྲིད་རྣམ་པ་རྒྱ་ནག་དམར་ཤོག་གཞུང་གིས་ཐེ་བྱུས་མེད་པར། བོད་མི་རང་ཉིད་ཀྱི་དད་མོས་ལྟར་རང་དབང་ངང་འདེམས་ཐུབ་པ་ཞིག་དགོས་ཞེས་གསུངས་འདུག

ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་སྔ་རྗེས་བོད་མིའི་ཆོས་དང་རིག་གཞུང་། སྐད་ཡིག་སྲུང་སྐྱོབ། བོད་རྒྱ་གྲོས་མོལ་གྱི་ལམ་ནས་སེལ་ཐབས་སུ་རྒྱབ་སྐྱོར་དང་རྒྱ་ནག་གཞུང་ལ་སྐུལ་མ་གནང་ཡོད་ཅིང་། ཕྱི་སྲིད་ལས་ཁུངས་ཀྱིས་ཕྱི་ཚེས་ ༡༨ ཉིན་སྤེལ་བའི་གསལ་བསྒྲགས་ནང་། ཨ་རི་ཡིས་བོད་མིའི་ཆོས་དད་རང་དབང་དང་། རྩ་ཆེའི་རིག་གཞུང་དང་སྐད་ཡིག་གི་ངོ་བོ་གཅེས་འཛིན་བྱེད་པའི་རང་དབང་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་ཅེས་གསུངས་འདུག

ཕྱི་ཟླ་ ༥ ཚེས་ ༡༧ ཉིན་མོ་ནི་བོད་ཀྱི་ཆོས་ཕྱོགས་ཀྱི་དབུ་ཁྲིད་༧པཎ་ཆེན་རིན་པོ་ཆེ་གེ་འདུན་ཆོས་ཀྱི་ཉི་མ་མཆོག་གར་སོང་ཆ་མེད་དུ་བཙན་ཁྲིད་བྱས་ཏེ་ལོ་ ༣༡ འཁོར་བའི་དུས་ཚིགས་ཤིག་ཡིན་པ་དང་། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བོད་བརྒྱུད་ནང་བསྟན་གྱི་བླ་ཆེན་༧ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་ ༡༠ པའི་ཡང་སྲིད་དུ་ངོས་འཛིན་གནང་སྟེ་ཉིན་ཁ་ཤས་ཀྱི་རྗེས། རྒྱ་ནག་གི་དབང་འཛིན་པས་ཁོང་དང་ཁོང་གི་ནང་མི་ཚང་མ་བཙན་ཁྲིད་ཀྱིས་གར་སོང་ཆ་མེད་དུ་བཏང་པའི་དུས་ཚིགས་ཤིག་འཁེལ་ཡོད་པ་རེད།།